设为首页  |  加入收藏
藏医系
 
首页藏医系概况机构设置党团建设教育教学学科建设师资队伍学生工作教改与科研学术与文化就业信息校友信息藏医名家
当前位置: 首页>>中文版>>藏医名家>>藏医历史人物>>正文
 
ལོ་ཆེན་རིན་ཆེན་བཟང་པོ།
2019-03-25 15:23 གསོ་རིག་ཚན་པ། 

ལོ་ཆེན་རིན་ཆེན་བཟང་པོ་ནི་བོད་ས་རྟ་སྤྱི་ལོ་༩༥༨ལོར་ཡབ་གཞོན་ནུ་དབང་ཕྱུག་དང་།  ཡུམ་ཅོག་རོ་ཀུན་བཟང་ཤེས་རབ་བརྟན་པ་གཉིས་ཀྱི་སྲས་སུ་མངའ་རིས་གུ་གེའི་ཆ་སྙུང་ཝཾ་རཏྣ་ཞེས་པར་སྐུ་བལྟམས།  སྐུ་ན་ཆུང་ངུའི་དུས་ནས་རིག་གནས་ལ་མཁས་པར་སྦྱངས།  སྔ་ཕྱིར་ཁ་ཆེ་དང་།  རྒྱ་གར་སོགས་སུ་ཕེབས་ཏེ་ཕྱི་ནང་རིག་གནས་ཐམས་ཅད་ལ་མཁས་པར་བསླབས།  ཕྱིར་ཕེབས་ནས་བཀའ་བསྟན་མང་པོ་བོད་དུ་བསྒྱུར།  ཁོང་གིས་བསྒྱུར་བའི་རྗེས་ཀྱི་གསང་སྔགས་ལ་གསང་སྔགས་གསར་མ་ཞེས་འབོད།  ཕྱི་ནང་རིག་གནས་ཀྱི་གཙུག་ལག་རྒྱ་མཚོའི་ཕ་རོལ་དུ་སོན།  ལྷ་བླ་མ་ཡེ་ཤེས་འོད་ཀྱིས་བཟང་པོའི་མཐུན་རྐྱེན་དང་ལྷག་བསམ་གྱི་བསྐུལ་མ་གནང་བར་བརྟེན་ལོ་ཆེན་རིན་ཆེན་བཟང་པོས་འཕགས་ཡུལ་གྱི་སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་དེའི་འགྲེལ་པ་ཁ་ཆེ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་ཟླ་ཟེར་སོགས་བོད་ཡིག་ཏུ་ཡང་དག་པར་བསྒྱུར་ཏེ་གཏན་ལ་ཕབ་པར་མཛད།  དེ་ནི་རྒྱ་གཞུང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་འགྲེལ་པ་དང་བཅས་ཆ་ཚང་བར་བོད་དུ་བསྒྱུར་བའི་ཐོག་མ་ཡིན།   དེས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་སྔར་བས་འཕེལ་རྒྱས་དང་འཐུས་ཚང་དུ་གཏོང་རྒྱུར་མཆོག་ཏུ་གྱུར་པའི་དཔྱད་གཞིའི་ཡིག་རིགས་ཚད་ལྡན་ཞིག་ཏུ་གྱུར་སྟབས་ཕྱིས་སུ་ཤིང་པར་བརྐོས་ནས་བསྟན་འགྱུར་གྱི་ཁོངས་སུ་འཇོག་གནང་མཛད་ཡོད་ཅིང་།  ཕྱོགས་མཚུངས་ལོ་ཆེན་ཉིད་ཀྱིས་སྣོད་ལྡན་གྱིས་སློབ་བརྒྱུད་མང་པོ་གསོ་སྐྱོང་མཛད་པའི་ནང་ནས་མཁས་པའི་གྲགས་པ་ཆེ་བ་མང་མོ་སྨན་བཙུན་དང་།   མྱང་འདས་སེང་གེ་སྒྲ།   ཤཱཀྱ་ཁྲི་ཡེ་ཤེས་འབྱུང་གནས།  ཨོང་སྨན་ཨ་ལེ་སྟེ་སྤུ་ཧྲེང་གི་སྨན་པ་མི་བཞི་བྱ་བ་སོགས་བྱུང་ཞིང་།   དེ་དག་ལ་རྒྱ་གཞུང་ཡན་ལག་བརྒྱད་པའི་དགོངས་དོན་འཆད་སྤེལ་གྱི་རྒྱུན་སྤེལ་བ་ལ་བརྟེན་ནས་བོད་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པའི་གཞུང་དོན་ལ་སློབ་སྦྱོང་དང་།  ལག་ལེན།  ཞིབ་འཇུག་བྱེད་པའི་ལམ་བུ་གཏོད་ལ།  སློབ་མ་དེ་དག་གི་ནང་ནས་ཀྱང་མང་མོ་སྨན་བཙུན་པ་ནི་མཁས་པའི་རྩེར་སོན་པས་དབུས་གཙང་གི་སྨན་པ་ཕལ་མོ་ཆེས་མཇལ་ཞིང་ཞབས་ལ་གཏུགས།  ལྷག་པར་དེས་ལྷ་རྩེ་མང་མཁར་གྱི་ཆེར་རྗེ་ཏི་པང་ལ་གཞུང་ཟླ་ཟེར་མན་ངག་དང་བཅས་པ་རྫོགས་པར་འཆད་སྤེལ་མཛད།  དེས་ཀྱང་རང་གི་སྲས་བྱང་ཆུབ་འོད་དང་།  ཨུ་ལང་བཀྲ་ཤིས་མཁར།   དགྲ་ལས་རྒྱལ་པོ་གསུམ་ལ་སྤེལ་གནང་བས་ཨུ་ལང་བཀྲ་ཤིས་མཁར་ནི་གཞུང་འགྲེལ་ལག་ལེན་ཀུན་ལ་མཁས་པར་གྱུར་ཐོག་སློབ་བརྒྱུད་ཀྱང་དབོན་ཇོ་བཀྲ་དང་འབྲོ་ཚ་ཇོ་ནག་སོགས་བྱུང་བ་རྣམས་ལ་སྔ་རབས་ཀྱི་སྨན་བླ་ལྟ་བུ་བཅུར་གྲགས་ཤིང་།  དེ་དག་ལས་མང་མཁར་ཆེར་རྗེའི་བརྒྱུད་པ་ཞང་སྟོན་ཞིག་པོའམ་ཐུགས་རྗེའི་ཁྲི་འོད་ཀྱིས་ཞུས་པ་ན་དེ་ཉིད་སྨན་དཔྱད་ཀྱི་རིག་པ་མཐར་ཕྱིན་པར་གྱུར་ཏེ་ཤེས་བྱ་སྤྱིའི་ཁོག་འབུགས་རྒྱལ་མཚན་རྩེ་འབར་དང་།   ས་བཅད་དོན་ཁྲིགས་འབྱེད་པའི་ལྡེ་མིག་དཀའ་ཚོམས་གེགས་སེལ་གནམ་ལྕགས་འཁོར་ལོ།  ཡན་ལག་བརྒྱད་པའི་ཚིག་དོན་ཞིབ་རྒྱས་སུ་འགྲེལ་པ་མུ་ཏིག་ཕྲེང་བ་རྒྱས་བསྡུས་གཉིས།  ལག་ལེན་དམར་ཁྲིད་རྒན་མོ་མཛུབ་ཚུགས་ཀྱི་ཚུལ་དུ་འཆད་པ་བདུད་རྩིའི་ཐིགས་པ་རྣམས་བརྩམས།  གཞུང་ལ་ཡང་ནག་མཆན་ལེགས་པར་བཏབ།  སློབ་བརྒྱུད་ཀྱང་དུ་མ་བྱུང་བའི་ནང་ནས་གཙང་སྟོད་དར་མ་མགོན་པོ་ཞུ་བ་དེས་སློབ་མའི་དོན་དུ་ཟིན་ཏིག་དང་བུའི་དོན་དུ་ཡང་ཏིག  ཅེས་པའི་མན་ངག་གི་གཞུང་གདམས་མཛད།  དེ་དག་གི་བརྒྱུད་འཛིན་པ་བོ་དོང་རོག་ཚོའི་སྐོར་ན་མང་བར་གྲགས་ལ་ཇོ་བོ་རྗེ་དང་།  ནག་ཚོ་ལོ་ཙཱ་བས་ཤ་སྦྱོར་བདུད་རྩི་དར་ཡ་ཀན་བྱ་བ་བསྒྱུར་བ་དང་།  མདོ་དཔྱད་དྲ་བ་སྡོམ་པ་སོགས་མན་ངག་ཁ་ཤས་མཛད།  ཞང་ཞུང་པ་ཤེས་རབ་འོད་འཁོར་ལོ་རྒྱལ་པོ་ཡང་ཟེར་ཀྱིས་ཀྱང་སངས་རྒྱས་ཁོག་འབུགས་གསེར་གྱི་བང་མཛོད།  ཅེས་པ་སོགས་མཛད་དེ་གཡུ་ཐོག་རྒྱ་གར་རྡོ་རྗེ་སོགས་ལ་གནང་ནས་སློབ་བརྒྱུད་ཀྱང་སྤེལ་བར་གྲགས་ཤིང་།  མདོར་ན་ལོ་ཆེན་དེ་ཉིད་ཀྱི་ཐུགས་རྗེའི་འཕྲིན་ལས་ལ་བརྟེན་ནས་སླར་ཡང་སྟོད་ཕྱོགས་གཙང་གི་རྒྱུད་དུ་བོད་ཀྱི་སྨན་པ་གཞན་ཕན་ཅན་རྣམས་གྱེས་ཤིང་གསོ་དཔྱད་ཀྱི་བསྟན་པ་དགུང་ན་གྲགས་སོ།།དེ་བས་ན་ལོ་ཆེན་རིན་བཟང་བརྒྱད་པའི་བཤད་སྲོལ་དར།།ཞེས་པ་སོགས་བྱུང་ངོ་།།

 

 

 

关闭窗口
西藏藏医学院藏医系  联系电话:0891-6385834
地址:西藏拉萨市当热路10号  邮政编码:850000